Sunday, June 6, 2010

བཀའ་བརྒྱུད་དབུ་འཛིན་གསར་བསྐོ་ཐད་བཀའ་བརྒྱུད་སྤྱི་འཐུས་གཉིས་ཀྱི་དྲང་པོ་མིན་པའི་ཕྱག་ལས།

Information:

http://www.kagyuoffice.org/

ད་ལམ་ཀརྨ་པ་ཨོ་ཕིས་འམ་ལས་ཁུང་ཞེས་པའི་དྲྭ་རྒྱ་ ནང་བཀའ་བརྒྱུད་བསྟན་པའི་བདག་པོའི་སྐོར་ལ་བཀའ་བརྒྱུད་སྤྱི་འཐུས་ཤེས་རབ་མཐར་ཕྱིན་དང་འཁོར་ཚ་བསོད་ནམས་དགྲ་འདུལ་གཉིས་ནས་གཙོ་སྐྱོང་གནང་སྟེ་དྷ་ས་ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་དུ་བཀའ་བརྒྱུད་བསྟན་པའི་བདག་པོ་གཏན་འབེབས་གནང་རྒྱུའི་ཚོགས་འདུ་བསྡུ་སྐོང་གིས་བཀའ་བརྒྱུད་སྤྱི་ཡི་བསྟན་པའི་དབུ་འཛིན་ཀྱི་འགན་འཁུར་བ་གཏན་འབེབས་གྲོས་ཆོད་ཞིག་བཞག་འདུག་པ་དེར་ཞིབ་བལྟས་བྱས་པར་དེ་ནི་དྲང་པོ་མིན་པའི་ཕྱོགས་རིས་ཀྱི་ཕྱག་ལས་ཤིག་ཏུ་མཐོང། བཀའ་བརྒྱུད་དབུ་འཛིན་ཀཾ་འབྲི་འབྲུག་སྟག་བཅས་ཀྱི་དབུ་འཛིན་རྣམས་ནས་རེས་མོས་གནང་རྒྱུའི་དགོངས་གཞི་དེར་མོས་མཐུན་ཡོད་ཅིང་དུས་ཀྱི་བབ་དང་བསྟུན་པའི་ཕྱག་ལས་གནང་ཕྱོགས་ཤིག་ཡིན་པར་ངོས་འཛིན་ཀྱིས་ལེགས་པའི་ཆར་མངོན།ཕྱག་ལས་དེ་བཀའ་བརྒྱུད་སྤྱི་མཐུས་གཉིས་ཀྱི་གཙོ་བཞུགས་ཐོགས་གནང་བར་རྟེན་བཀའ་བརྒྱུད་སྤྱི་ཡི་སྐུ་ཚབ་ཀྱི་མིང་འཁྱེར་བའི་གང་ཟག་ཞིག་ནས་ཀཾ་ཚང་གི་གནས་ཚུལ་ཇི་འདྲ་ཡོད་པ་མཁྱེན་གསལ་ལ་ཀཾ་ཚང་གི་བླ་ཆེན་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་དང་དེ་འབྲེལ་ཕྱོགས་གཉིས་ཀྱི་བླ་ཆེན་རྣམས་ལ་སྤྱི་མཚུངས་ཀྱི་འབྲེལ་འདྲི་ཙམ་ཡང་མེད་པར་ཕྱོགས་སུ་ལྷུང་བའི་བྱ་སྤྱོད་ཀྱིས་ཚོགས་འདུ་བསྐྱང་བར་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་ཐ་ཤལ་ཤིག་ཡིན་པས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། འདི་ནི་ཀཾ་ཚང་སྤྱིའི་ཐག་གཅོད་ཀྱི་གོ་ཆོད་གི་མེད་པར་ཕར་ལྟས་ཚུར་གསལ་ཡིན། ཆབ་སྲིད་དང་ཕྱི་ནང་གི་འགལ་རྐྱེན་མང་དག་་ཤིག་གིས་རྐྱེན་པར་ཀརྨ་ཀཾ་ཚང་ད་ལྟའི་གནས་སྐབས་ཕྱོགས་གཉིས་སུ་གྱུར་ཀྱང་གཉིས་ཀས་དོན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་ཚང་མས་མཁྱེན་གསལ་ལྟར་ཡིན། དེས་ན་བཀའ་བརྒྱུད་སྤྱི་འཐུས་ནས་ཀཾ་ཚང་ཕྱོགས་གཅིག་ལ་མཐའ་གཅིག་ཏུ་རྒྱབ་བསྐྱོར་དང་གཞན་སྐྱབས་རྗེ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གི་དབུས་བླ་སྤྲུལ་དགེ་འདུན་དང་དགོན་པ་གྲྭ་ཚང་ཆོས་ཚོགས་མི་མང་བཅས་རྒྱ་ཆེ་ཡོད་པའི་ཀཾ་ཚང་དེར་ཁྱད་གསོད་ཀྱིས་འབྲེལ་གཏུགས་ཙམ་ཡང་མེད་པར་རང་ཕྱོགས་བརྒྱལ་ཐབས་ཀྱིས་རང་ཉིད་སྒེར་གྱི་ལང་ཕྱོགས་དང་འགལ་བ་སུ་ཡིན་ལ་དགྲ་བོར་བརྩིས་ཏེ་ཡལ་བར་དོར་བ་འདི་ནི་རང་རེའི་བཙན་བྱོལ་གཞུང་གི་སྤྱི་འཐུས་ཤིག་གི་ཕྱོགས་རིས་ཀྱི་རང་གདངས་གསལ་པོར་བསྟན་པ་ཡིན་པ་བྱིས་པས་ཀྱང་ཤེས་ཚོད་ཡིན། དེ་ལྟའི་ཐག་རྒྱང་རིང་པོའི་བཀའ་བརྒྱུད་ཀྱི་བསྟན་པར་དགོངས་བཞེས་མེད་པར་རང་རྒྱལ་གཞན་ཕམ་གྱི་ཕྱོགས་རེ་བའི་ཕྱག་ལས་གནང་བ་དེ་ནི་མ་འོང་པར་བཀའ་བརྒྱུད་བསྟན་པ་བསྟན་ལྷིང་མི་ཡོང་བའི་ས་བོན་བཏབ་པ་དང་མཚུངས་པའི་ཕྱག་ལས་ཤིག་ལས་བསྟན་པའི་ཞབས་འདེགས་འགྲོ་རྒྱུ་མེད་པ་མངོན་གསལ་རེད། བཀའ་བརྒྱུད་བསྟན་པའི་བདག་པོ་ཀཾ་འབྲི་འབྲུག་སྟག་སུ་ཡིན་རུང་གུས་བཀུར་ཞུ་རྒྱུ་དང་མ་ཟད་བཀའ་བརྒྱུད་ཀྱི་བསྟན་པར་སྨན་པའི་རླབས་ཆེའི་ཕྱག་ལས་ཇི་འདྲ་ཞིག་གནང་རུང་ཚང་མས་འཕྱར་གྲུ་མཉམ་འདེགས་ཐོག་བསྟན་པ་དར་ཞིང་རྒྱས་པ་དང་བསྟན་འཛིན་སྐྱེས་བུ་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཡང་ནར་མར་ཞུ་རྒྱུ་ལས་འདི་ཐད་བསམ་བློ་གཞན་གང་ཡང་མེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་འཛེམས་མེད་ཀྱིས་བོད་ཀྱི་ནང་ཆོས་དང་རིགས་གཞུང་འཛམ་གླིང་གང་སར་ཤིན་ཏུ་ནས་ཀྱང་ཁྱབ་བརྡལ་ཇེ་ཆེར་འགྲོ་བཞིན་པ་དང་དེར་རྟེན་བོད་ཀྱི་ནང་ཆོས་ལ་ཚང་མས་ལེགས་ཕྱོགས་སུ་དགོངས་བཞེས་བྱ་བཞིན་པའི་སྐབས་འདིར་རང་རེའི་ཆོས་རྒྱུད་དང་ལྷག་པར་རང་གཞུང་གི་ཆེས་མཐོའི་མི་སྣ་བཀའ་བརྒྱུད་སྤྱི་ཡི་སྐུ་ཚབ་སྤྱི་འཐུས་་གཉིས་ནས་ཕན་ཚུན་དབར་གོ་རྟོགས་ལེགས་སྤེལ་གནང་སྟེ་གནས་ཚུལ་ཇི་འདྲ་ཞིག་ཡིན་རུང་ཕན་ཚུན་འབྲེལ་ལམ་བརྒྱུད་ནས་དག་གཙང་གནང་སྟེ་བོད་ཀྱི་ཆོས་དང་རིགས་གཞུང་བཟང་པོ་འདི་དག་དངོས་འབྲེལ་འཛམ་གླིང་སྤྱི་ལ་ངོམས་སུ་ཆོག་པ་ཡོད་པ་དེར་ཞབས་འདེགས་ཞུ་རྒྱུའི་ཚབ་ཏུ་བསམ་བཞིན་དུ་སྙོག་མ་དྲུང་ནས་སློང་བའི་ཕྱག་ལས་འདི་འདྲ་མ་གནང་ན་ལེགས་སྙམས། ་༧གོངས་ས་མཆོག་གི་ཐུགས་ཀྱི་བཞེད་དོན་ལྟར་གྱི་ཆོས་རྒྱུད་ནང་ཁུལ་གྱི་ཞི་བདེ་དང་མི་རིགས་ཕན་ཚུན་གྱི་བྱམས་བརྩེ་སོགས་ལས་དངོས་འགལ་གྱི་ཕྱག་ལས་མིག་མཐོང་ལག་ཟིན་འཆར་གཞི་དང་ལྡན་པའི་སྒོ་ནས་གནང་བར་རང་ཅག་བོད་མི་གཟུ་བོར་གནས་པ་ཀུན་གྱི་དཔྱད་ཞིབ་གནང་ཚེ་འདི་ལྟའི་ཕྱག་ལས་ནི་རང་རེ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕུགས་སུ་གནོད་སྐྱོན་ཇི་འདྲ་ཡོང་མེད་མཁྱེན་གསལ་ལྟར་རེད། དེ་ཡང་སྤྱི་འཐུས་ནི་བཀའ་བརྒྱུད་སྤྱི་ནས་འདེམས་པ་ཞིག་རེད་མ་གཏོགས་ཀཾ་ཚང་གི་ཕྱོགས་ཁག་གཅིག་གཅིག་པུས་འདམ་པ་རྩ་བ་ནས་མིན་ཅིང་། དེ་ནི་སོ་སོ་རང་ཉིད་ཀྱང་འོས་ཤོག་བླུག་མཁན་གྱི་བདེན་དཔང་ཡིན་པས་བསྙོན་དུ་མེད་པ་ཡིན། དེས་ན་སྤྱིའི་གདེམ་པའི་མི་དེ་སྤྱིའི་ལས་ཀ་བྱ་རྒྱུའི་འགན་ཡོད་པ་བཞིན་གནང་དགོས་རྒྱུ་ལས་སྤྱིའི་བདེ་འཇགས་ལ་གཏོར་གཤིགས་གཏོང་རྒྱུའི་ལས་ཀ་གནང་དུ་རུང་ངམ། སྤྱིར་བོད་ཀྱི་ཆབ་སྲིད་དང་ཡང་སྒོས་བོད་ཀྱི་ནང་ཆོས་ལྷག་པར་དུ་བཀའ་བརྒྱུད་བསྟན་པ་རིན་པོ་ཆེ་མ་ཉམ་གོང་འཕེལ་དང་ཉམ་པ་སོར་ཆུད་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོའི་ཐོག་ནས་འོས་ཤོག་བླུག་པ་ཡིན་ནའང་ད་ལྟའི་དངོས་ཡོད་གནས་ཚུལ་ཐོག་ཕྱག་ལས་དྲང་པོ་མེད་་པ་དང་ཕྱོགས་ལྷུང་ཅན་ཞིག་བྱུང་བར་བློ་ཕམ་ཆེ་ཞིང་། དེས་བོད་ཀྱི་ཆོས་རིགས་ལ་སྲི་ཞུ་བསྒྲུབ་རྒྱུའི་ཚབ་ཏུ་སྙོག་ཁྲའི་གཞི་རྩ་ཆེན་པོ་ཞིག་བཟོས་པར་མངོན་ཞིང་དེ་དང་མཉམ་དུ་རང་རེ་བཀའ་བརྒྱུད་པའི་འབྲི་འབྲུག་སྟག་གསུམ་ལའང་སྙོག་ཁྲའི་དྲི་མ་བསྐུ་རྒྱུའི་ངན་གཤོམ་ཆེན་པོ་ཞིག་ཡིན་པར་སྙམས། དེར་རྟེན་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེར་གཅིག་ཏུ་དཀར་བའི་མཁྱེན་དཔྱོད་ལྡན་པ་རྣམ་ནས་གཟུ་བོའི་བློས་རྣམ་པར་དཔྱད་ནས་ཐ་མའི་ཐག་གཅོད་དེ་རང་རེ་བོད་ཀྱི་ཆོས་རིགས་དང་༧གོངས་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་པའི་ཐོག་ཕྱག་ལས་ཇི་གནང་རིས་སུ་མ་ཆད་པར་ཀཾ་ཚང་ཕྱོགས་གཉིས་ཆར་འབྲེལ་གཏུགས་ཀྱིས་མོས་མཐུན་ཐོག་ནས་གནང་ཚེ་སྤྱི་སྙོམས་ཡོང་རྒྱུ་དང་བཀའ་བརྒྱུད་སྤྱི་འཐུས་ཤིག་གི་ལས་འགན་ངོ་མའང་ཡིན་པས་དེ་ལྟར་གནང་གལ་ཆེ་བ་བཅས། འཕྲིན་ལས་རྒྱ་མཚོ་ནས་ལྷག་བསམ་ཟོལ་མེད་དུ་བྲིས།།

No comments:

Post a Comment

Followers